གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ངོ་བཅུ་ཕྲག་ལས་བཅད་དེ་སྡོད་མི་ འཆོལ་ལོང་གི་ མི་ཚེའི་གནས་སྟངས།

༢༧/༧/༢༠༡༣   སེམས་གནས་པ་མེད་པའི་ འཆོལ་ལོང་ཚུ་གིས་ མི་སྡེའི་ནང་ བྱ་སྟབས་མ་བདེཝ་དང་ ཉེན་ཁ་ཡོདཔ་ལས་ དེ་ལུ་ ཐབས་ལམ་བཏོན་དགོ་པའི་ གཞི་གནས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
༉ མོང་སྒར་ཁྲོམ་ཁར་སྡོད་མི་ ཨ་ལུའི་ཕམ་ཚུ་གིས་ ཁོང་རའི་ཨ་ལུ་ཚུ་ སྔུ་བའི་སྐབས་ལུ་ སྔུ་ནི་ལས་སངས་ཐབས་ཀྱི་ཐབས་ཤེས་མ་འདྲཝ་ཅིག་ཡོདཔ་ལས་ སྔུ་ནི་སངས་ཚུགས་ཐབས་ལུ་ འཇམ་དོ་ཡོདཔ་ཨིན་པས།
དེ་ཡང་ ཨ་ལུ་ སྔུ་ནི་ལས་སངས་ནིའི་དོན་ལུ་ གུ་རམ་དང་ ཏི་རུ་ ག་ནི་ཡང་བྱིན་མ་དགོ་པར་ ཐད་ཀར་དུ་ ཁྱོད་འབག་ནི་སྦེ་ ཨ་རྒས་འཆོལ་ལོང་དེ་འོང་དེས་ཟེར་ སླབ་པའི་སྐབས་ལུ་ ཨ་ལུ་ཚུ་གིས་ མ་སྔུ་བར་སྡོད་དོ་ཡོདཔ་ལས་ ཕམ་མང་ཤོས་ཅིག་གིས་ ཨ་ལུ་ཚུ་ལུ་ དེ་སྦེ་ར་ དཀྲོགསཔ་ཨིན་པས།

མོང་སྒར་ཁྲོམ་ཁའི་འཆོལ་ལོང་།


དེ་བཟུམ་གྱི་ འཇིགས་གཏམ་བཤད་མི་དེ་ཡང་ མོང་སྒར་ཁྲོམ་ཁར་ སྐྱེས་༤༥ དང་༥༠ འི་བར་ན་འབད་མི་ ཕོ་སྐྱེས་ཅིག་ འཆོལ་ལོང་ཐལ་ཡོདཔ་ལས་ ཁོ་གིས་ མོང་སྒར་ཁྲོམ་ཁ་སྡོད་དེ་ ལོ་ངོ་བཅུ་ཕྲག་ལྷག་ཡོད་མི་ལུ་བརྟེན་ ཁྲོམ་ཁར་སྡོད་མི་ ཐ་ན་ ཨ་ལུ་ཆུང་ཀུ་ཅིག་གིས་ཡང་ འཆོལ་ལོང་དེ་ ངོ་ཤེས་དོ་ཡོདཔ་ཨིན་པས།
འཆོལ་ལོང་སྡོད་ས་དེ་ མོང་སྒར་ཁྲོམ་གྱི་ཉེ་འདབས་ལུ་ཡོད་པའི་ རྩེད་ཐང་གི་སྦོ་ལོགས་ཁར་ གནམ་གྲུ་ཆགས་སའི་ས་ཁོངས་ནང་ ཨེན་ཏ་ཚུ་བརྩེགས་སྟེ་ ཁོ་ར་ ཤོང་པའི་ས་ཁོངས་ཅིག་བཟོ་ཡོད་མིའི་ནང་ སྡོད་དོ་ཡོདཔ་ད་ ཁོ་གིས་ ལྟོ་བཀྱེས་པའི་སྐབས་ལུ་ ཁྲོམ་ཁར་ལུ་ ལྟོ་ལྷང་པར་འོང་དོ་ཡོདཔ་ལས་ དེ་བསྒང་ མི་ཚུ་དང་ཕྱད་པའི་སྐབས་ལུ་ ཏི་རུ་ཡང་ལྷང་དོ་ཡོདཔ་ཨིན་པས།
མོང་སྒར་ལུ་སྡོད་མི་ཚུ་གིས་ སླབ་མིའི་ནང་ མ་གཞི་ ཕོ་སྐྱེས་དེ་ གཟུགས་སྟོབས་ཡོད་རུང་ ཁོ་རའི་སེམས་གནས་པ་མེདཔ་ཐལ་མི་ལུ་བརྟེན་ འཕྲལ་འཕྲལ་སྦེ་ར་ བྱ་དང་ བྱི་ལི་ དེ་ལས་ རོ་ཁྱི་གི་ཤ་ཚུ་ བཟའ་དོ་ཡོདཔ་མ་ཚད་ ཆུ་ཡང་ གཡུར་བ་ནང་གི་ བཙོག་ཆུ་ ཆུང་སར་མཐོང་མས་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ མོང་སྒར་ཁྲོམ་ཁར་ བཟའ་ཁང་ལེ་ཤ་ཡོདཔ་ལས་ ཁོ་གིས་ དུས་ཚོད་མང་ཤོས་ཅིག་ར་ བཟའ་ཁང་ཚུ་ནང་ལས་ ལྟོ་ལྷག་ཡོད་མི་ཚུ་ ལྷང་སྟེ་བཟའ་དོ་ཡོདཔ་ད་ བཟའ་ནི་ག་ཅི་ཐོབ་རུང་ ཁོ་ར་སྡོད་ས་ནང་སོང་ཞིནམ་ལས་ བཟའ་དོ་ཡོདཔ་མ་ཚད་ ཉལ་ནི་ཡང་ ས་གནས་ག་ཏེ་ལྷོད་སར་ ཉལ་ནི་མེད་པར་ ཨིན་ཅི་མིན་ཅི་ ཁོ་རའི་ཨེན་ཏ་གི་ཁྱིམ་ནང་སོང་སྟེ་ ཉལ་དོ་ཡོདཔ་ལས་ འཆོལ་ལོང་མ་འདྲཝ་ཅིག་ ཨིན་མས་ཟེར་ཨིན་པས།
སྡོད་ས་དེ་ཡང་ ཁོ་ར་གིས་སྦེ་ བཟོ་ཡོདཔ་ད་ ཁོ་གིས་ དུས་ཚོད་མང་ཤོས་ཅིག་ར་ འཁརཝ་ཅིག་གིས་ ས་དོང་བརྐོ་སྟེ་སྡོད་དོ་ཡོདཔ་ལས་ མི་ཚུ་གིས་ སླབ་མིའི་ནང་ ཁོ་ལུ་ ལཱ་བཀོལ་མི་ རྒྱབ་ཁ་ལས་ གདོན་དང་འབྱུང་པོ་ཚུ་ འོང་ནི་མས་ཟེར་ཨིན་པས།
མོང་སྒརཔ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ སྐྱེས་ས་དེ་ པདྨ་དགའ་ཚལ་ལས་ཨིན་ཟེར་ གོ་ཡི་ཟེར་ཨིནམ་ད་ ཧེ་མ་ཁོ་ར་ དམག་མི་ཅིག་ཨིན་རུང་ མོང་སྒར་ལུ་ གནས་ཚང་དང་གཅིག་ཁར་འོང་ཡོདཔ་ལས་ ཁོ་དེ་བཟུམ་གྱི་གནས་སྟངས་ནང་ཐུག་པའི་བསྒང་ལས་ ནང་མི་ཚུ་གིས་ བདག་འཛིན་འབད་མ་ཚུགས་པར་ དེ་སྦེ་ར་ ལུས་སོ་ནུག་ཟེར་ཨིན་པས།
ཁོ་གིས་ འཕྲལ་འཕྲལ་སྦེ་ར་ གནམ་ནུབ་མོ་ ཉལ་ཞིནམ་ལས་ ཞབས་ཁྲ་འཐེན་དོ་ཡོདཔ་མ་ཚད་ ཕྱི་རུ་ཡང་ སྐད་རྐྱབ་སྟེ་ ཁྲོམ་སྦུག་ལས་ཕར་ འོང་དོ་ཡོདཔ་ལས་ ཨ་ལུ་ཚུ་ ཁོ་གིས་ སྐད་གོ་བའི་བསྒང་ལས་ འདྲོག་མི་ལུ་བརྟེན་ ཕམ་མང་ཤོས་ཅིག་གིས་ ཨ་ལུ་ཚུ་ སྔུ་བའི་སྐབས་ལུ་ ཨ་ཛའི་ སྐད་མ་རྐྱབ་ མི་འཆོལ་ལོང་དེ་འོང་དོ་ཟེར་ སླབ་ཨིན་པས།
གཡུས་མི་ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ འཆོལ་ལོང་མ་ཐལ་བའི་ཧེ་མར་ དམག་མི་ཨིན་ཟེར་གོ་ཡི་ཟེར་ཨིནམ་ད་ གཡུས་ཁ་ལུ་སྡོད་རུང་ མི་དེ་ལེགས་ཤོམ་ཅིག་སྦེ་ སྡོད་ཡོད་ཟེར་ཨིན་པས།
མི་ལ་ལུ་ཅིག་གིས་ སླབ་མིའི་ནང་ འཆོལ་ལོང་དེ་གིས་ ཨམ་སྲུ་རྒན་ཤོས་ཚུ་ལུ་ དཀྲོགསཔ་མས་ཟེར་ཨིནམ་ལས་ མི་ཚུ་གི་བསམ་འཆར་ལས་འབད་རུང་ དེ་བཟུམ་གྱི་ འཆོལ་ལོང་ཚུ་ བདག་འཛིན་འབད་ནིའི་དོན་ལུ་ རྒྱལ་ཁབ་ནང་ ལྟེ་བ་ཅིག་ གཞི་བཙུགས་འབད་དགོ་ནི་མས་ཟེར་ཨིནམ་ད་ འཆོལ་ལོང་ཚུ་གིས་ མི་སྡེ་ལུ་ སྟབས་མ་བདེཝ་ག་དེ་སྦེ་འབྱུང་བཅུག་འོང་ག་ སླབ་མ་ཚུགས་མི་ལུ་བརྟེན་ ཨིན་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང།

1 comment:

  1. ཨའི་སེམས་གནས་པ་མེད་པའི་མི་བྱ་བ་འ་ནཱི་བཟུམ་ཅི་ལུ་ལྷོདཔ་ད་ཕམ་སྤུན་ཆ་གཉེན་ཉེཝ་ཚུ་གིས་ཡང་བདག་འཛིན་འཐབ་ནི་ཕ་ར་བཞག་མནོ་མེད་དུད་འགྲོ་སེམས་ཅན་གཅིག་བ་ཡང་སྐྱོ་བས། དེ་ལུ་ང་བཅས་རང་འབྲུག་རྒྱལ་ཁབ་འདི་ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་འབདཝ་ལས་གཞུང་དང་སྒེར་སྡེ་ག་ར་འབད་རུང་ཐབས་ཤེས་དང་ཐུགས་རྗེ་རྒྱ་ཆེ་དྲག་སྦེ་གནང་ཞིམ་ལས་འ་ནཱི་བཟུམ་གྱི་མི་ཚུ་བདག་འཛིན་དང་རྒྱབ་སྐྱོར་རེ་ཡོད་པ་ཅིན་ཆོས་ཟེར་རུང་འདི་བ་ལྷགཔ་མེད་ཟེར་མནོཝ་མས་ལགས།

    ReplyDelete