གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་པ་ཚུ་གིས་ གློག་ཐག་གི་ རཝ་ཐོབ་འདོད་བསྐྱེད་དོ་ཡོདཔ།

༢༩/༧/༢༠༡༣   ༉ ད་རེས་ནངས་པར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ སོ་ནམ་ཞིང་པ་ཚུ་ལུ་ ཉལ་རུང་གཉིད་མེད་ བཞེས་སྒོ་བཟའ་རུང་ བཅུད་མེད་པའི་ གནས་སྟངས་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
རི་ཕག་ཚུ་གིས་ གནོདཔ་བཀལ་མི་ གེ་ཟའི་ཞིང།


དེ་ཡང་ རི་དྭགས་སེམས་ཅན་ དཔེར་ན་ ཕགཔ་དང་ སྤྱ་ བྱི་ཐུར་ཚུ་གིས་ ལོ་ཐོག་ཚུ་ལུ་ ཉིན་ནུབ་མེད་པར་ གནོདཔ་བཀལ་ནི་དེ་གིས་ སོ་ནམ་པ་ཚུ་ ལཱ་གཞན་ཚུ་ བཤོལ་བཞག་ཐོག་ ལོ་ཐོག་ཚུ་ སྲུངམ་ཨིན་པས།
མོང་སྒར་སྐྱེངས་མཁར་རྒེད་འོག་ སྟོང་ལ་གཡུས་ཚན་ནང་འབད་བ་ཅིན་ ལོ་བསྟར་བཞིན་དུ་ མི་སེར་ཚུ་ ཉིན་ནུབ་མེད་པར་ གེ་ཟའི་ཞིང་ཚུ་ སྲུང་སྡོད་སར་ མཐོང་མི་དེ་ཡང་ རི་དྭགས་སེམས་ཅན་ཚུ་གི་གྲས་ལས་ ཕགཔ་དང་ བྱི་ཐུར་གྱིས་ གནོདཔ་བཀལ་མི་ལུ་བརྟེན་ ཉལ་ནི་གི་ དུས་ཚོད་ཡང་ མི་ཐོབ་པས་ཟེར་ སྟོང་ལ་གཡུས་ཚན་གྱི་ སོ་ནམ་པ་ཚུ་གིས་ སླབ་ཨིན་པས།
སྟོང་ལ་གཡུས་ཚན་དེ་ ནགས་ཚལ་གྱིས་ མཐའ་བསྐོར་ཏེ་ཡོད་མི་དེ་ནང་ ཁྱིམ་གུང་༡༨ དེ་ཅིག་ཡོད་མི་ མོ་ནམ་ཚུ་གི་ ལོ་ཐོག་ཚུ་ལུ་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་དོ་ཡོདཔ་ལས་ ལོ་ཐོག་གངམ་བསྡུ་མི་ཚུགས་དོ་ཡོདཔ་ད་ ད་ལས་ཕར་ གཞུང་གིས་ ལོ་ཐོག་ཞིང་ཚུ་ གློག་ཐག་གིས་ རཝ་བསྒོར་གནང་པ་ཅིན་ རང་གིས་ དཀའཝ་སྤྱད་དེ་ ལཱ་འབད་མི་དེ་ འཕྲོ་བརླག་མི་འགྱོ་ནི་དང་ ལཱ་ལྟོ་ཡང་ མི་ཆགས་ནི་མས་ཟེར་ སོ་ནམ་ཅིག་གིས་ སླབ་ཨིན་པས།
སྟོང་ལའི་སོ་ནམ་པ་ སྐལ་བཟང་འཇིགས་མེད་ཀྱིས་ སླབ་མི་དང་འཁྲིལཝ་ད་ ནུབ་མོ་ཞིང་སྲུང་པར་ འགྱོ་མ་ཚུགས་པ་ཅིན་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལཝ་མས་ཟེར་ཨིནམ་ད་ གལ་སྲིད་ ཕྱི་རུ་༡ ལོ་ཐོག་སྲུང་པར་ མ་ལྷོད་པ་ཅིན་ དྲོ་པ་ལྟ་བའི་བསྒང་ལས་ ཞིང་སྟོངམ་བཟོ་ནིའི་ ཉེན་ཁ་འདུག་ཟེར་ བཤད་པའི་ཁར་ དུས་ཅི་ཡང་ ཁོ་གི་ གེ་ཟའི་ཞིང་ནང་ རི་ཕག་སྦྱེལཝ་སྦྱེལ་ས་ར་ ནུབ་མོ་༣ འོང་ཡོདཔ་ལས་ གེ་ཟ་ཙེའུ་༡༥ ལྷགཔ་ཅིག་ བཟའ་ཚར་ཡི་ཟེར་ བཤདཔ་ཨིན་པས།
སྐྱེངས་མཁར་རྒེད་འོག་ སྟོང་ལ་གཡུས་ཚན་ནང་ ལོ་ཐོག་བསྲུང་ནིའི་དོན་ལུ་ བཟོ་མི་གནས་སྐབས་ཀྱི་ སྲུང་ཁྱིམ།

ཁོ་གིས་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་དང་ཕྱདཔ་ད་ དུས་ཅི་ མང་མི་དེ་ཡང་ སྟོང་ལ་གཡུས་ཚན་གྱི་ལྟག་ལུ་ ཤ་ཇུ་ལ་གཡུས་ཚན་ཟེར་སར་ ལོ་ངོ་དག་པ་ཅིག་གི་ ཧེ་མ་ལས་ རི་དྭགས་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་མཀལ་ནི་ བསྲུང་ཐབས་ལུ་ གཞུང་གི་ རྒྱབ་སྐྱོར་ཐོག་ལུ་ གློག་ཐག་གི་ རཝ་རྐྱབ་པའི་ཤུལ་ལུ་ རི་དྭགས་སེམས་ཅན་ཚུ་ སྟོང་ལ་གཡུས་ཚན་ནང་ སྤོ་བཤུད་འབད་ནི་དེ་གིས་ཨིན་ཟེར་ཨིན་པས།
ད་རུང་ སོ་ནམ་པ་ སྐྱེས་ལོ་༣༣ ལང་མི་ པདྨ་དབྱངས་འཛོམས་དང་ སྐྱེས་ལོ་༤༧ ལང་མི་ ངག་དབང་གིས་འབད་བ་ཅིན་ ད་རེས་ནངས་པར་ གཡུས་ཚན་དེ་ནང་ རི་ཕག་ཚུ་གིས་ ལོ་ཐོག་ལུ་ གནོདཔ་ཤུགས་སྦེ་ བཀལ་མི་དེ་ ཤ་ཇུ་ལ་གཡུས་ཚན་ནང་ ལོ་གློག་ཐག་རཝ་བསྒོར་ཡོད་མི་དེ་ནང་ འཛུལ་མ་ཚུགས་པར་ གཡུས་ཚན་དེ་ཡང་ འོང་ནི་དེ་གིས་ཨིནམ་ད་ ད་ལས་ཕར་ ཞིང་ནང་མ་ཚད་ རི་དྭགས་སེམས་ཅན་ཚུ་གིས་ ཁྱིམ་ནང་ཡང་ འཛུལ་ནིའི་ ཉེན་ཁ་ཡོདཔ་ལས་ གློག་ཐག་གི་རཝ་ ངེས་པར་དུ་ དགོཔ་འདུག་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ རི་ཕག་ཚུ་གིས་ ཉིན་མ་ཡང་ ལོ་ཐོག་ཞིང་ནང་ ཐོན་དོ་ཡོདཔ་ལས་ ལྟོ་བཟའ་ནི་གི་ དུས་ཚོད་ཡང་ མི་ཐོབ་པས་ཟེར་ཨིནམ་ད་ དེ་སྦེ་ ལོ་ཐོག་མ་སྲུང་པ་ཅིན་ འབྲུ་སྣའི་ཐོན་སྐྱེད་ག་ཅི་ཡང་ ཐོབ་མི་ཚུགས་ནི་མས་ཟེར་ སླབ་ཨིན་པས།
ཨིན་རུང་ མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ སྟོང་ལ་དགོན་པ་ལས་ ཤ་ཇུ་ལ་གཡུས་ཚན་ནང་ ཞིང་ལམ་སེལ་ཡོདཔ་ལས་ རི་ཕག་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་ནི་ཡང་ མར་བབས་ཡར་སོ་ཡི་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་འབད་བ་ཅིན་ སྟོང་ལ་དགོན་པ་ལས་ སོ་ནམ་པ་ ལྷུན་གྲུབ་ཀྱིས་ ལོ་བསྟར་བཞིན་དུ་ རི་ཕག་ལས་ ལོ་ཐོག་བསྲུང་ནིའི་དོན་ལུ་ ཨ་རྟག་ར་ ཞིང་ནང་ཞག་སྡོད་དགོཔ་ཨིན་རུང་ དུས་ཅི་ སྲུང་མ་དགོཔ་ཐོན་མི་དེ་ འཁོར་ལམ་ལུ་བརྟེན་ཨིན་ཟེར་ སླབ་ཨིན་པས།
སྐྱེངས་མཁར་རྒཔོ་ ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་དེ་ མཐའ་ཟུར་གྱི་ རྒེད་འོག་ཅིག་དང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ མི་སེར་ཚུ་ ལོ་ཨ་རྟག་ར་ འུར་བྱེལ་འཐབ་མི་ལུ་བརྟེན་ གཞུང་ལས་ ཤ་ཇུ་ལ་གཡུས་ཚན་ནང་ གློག་ཐག་རཝ་ མཁོ་སྤྲོད་འབད་མི་དེ་གིས་ ཕན་ཐོགས་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།
རྒཔོ་གིས་འབད་བ་ཅིན་ ད་རེས་ནངས་པར་ མི་སེར་ཚུ་གིས་ ས་ཞིང་ནང་ ལོ་ཐོག་ག་ཅི་བཏབ་རུང་ བསྡུ་ནི་ཐོབ་དོ་ཡོདཔ་ལས་ སྟོང་ལ་མི་སེར་ཚུ་གི་དོན་ལུ་ཡང་ གློག་ཐག་གི་ རཝ་མཁོ་སྤྲོད་འབད་དགོཔ་སྦེ་ འབྲེལ་ཡོད་འགོ་དཔོན་ལུ་ སྙན་ཞུ་འབད་དེ་ཡོད་ཟེར་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ ཁམས་པ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ གཞུང་གི་ཁ་ཐུག་ལས་ འབད་ཚུགས་པ་ཅིན་ གློག་ཐག་རཝ་ཅིག་ གནང་་དགོ་པའི་སྐོར་ རྒེད་འོག་གི་ འགོ་ཁྲིདཔ་གིས་ ཞུ་བ་ཕུལ་ཡོདཔ་ཨིན་རུང་ ད་ལྟོ་ ཅ་ཆས་གཞན་ གྱིབ་དུང་དང་ ཐགཔ་ཚུ་ གྲ་སྒྲིག་སྦེ་ཡོད་རུང་ འཕྲུལ་ཆས་ཨེ་ན་ལི་ཛར་ཟེར་མི་མེདཔ་ལས་ འབྲེལ་བ་ཡོད་པའི་ ལྷན་ཁག་གིས་ ཕྱི་རྒྱལ་ལས་ མཁོ་སྒྲུབ་འབད་ནིའི་དོན་ལུ་ སྒུག་སྟོ་ཡོད་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment