གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཟླ་༨ པ་མཇུག་བསྡུ་ཁམས་ལས་ མོང་སྒར་རྫོང་ཁག་བདག་སྐྱོང་གིས་ ཁྱིམ་ཐོག་གཅིག་གི་འོག་ལས་ ཞབས་ཏོག་སྤྲོད་ཚུགས་ནི།

༢༥/༧/༢༠༡༣   ༉ ད་རེས་ནངས་པ་ མོང་སྒར་རྫོང་ཁག་བདག་སྐྱོང་གི་དོན་ལུ་ སྒྲིང་ཁྱིམ་༤ དེ་ཅིག་ གྲ་སྒྲིག་ཚུད་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་ནང་ ལཱ་འབད་མི་ཚུ་གིས་ འཕྲལ་མགྱོགས་ར་ མི་སེར་ཚུ་ལུ་ ཁྱིམ་ཐོག་གཅིག་གི་འོག་ལས་ ཞབས་ཏོག་སྤྲོད་ཚུགས་པའི་རེ་བ་ བསྐྱེད་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༨ པ་མཇུག་བསྡུ་ཁམས་ལས་ བསྒྲུབ་ཚུགས་ནི་ཨིན་མི་ མོང་སྒར་རྫོང་གསརཔ།


ད་ལྟོའི་ གནས་སྟངས་ནང་འབད་བ་ཅིན་ མོང་སྒར་རྫོང་ཁག་བདག་སྐྱོང་ནང་ལཱ་གནང་མི་ ཞི་གཡོགཔ་༥༠ ལྷགཔ་ཅིག་གིས་ ཡིག་ཚང་དེ་ རྫོང་ནང་མ་ཤོང་པར་ རྫོང་ཁག་བདག་སྐྱོང་གི་ཕྱི་ཁར་ སློབ་གྲྭའི་ས་ཁོངས་ཚུ་ནང་ཡོདཔ་ད་ དེ་ཡང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་དང་ གསོ་བ་ དེ་ལས་ བཟོ་རིག་སྡེ་ཚན་ཚུ་གིས་ ཡིག་ཚང་ཚུ་ ཕྱི་ཁར་ཡོདཔ་ལས་ ཞབས་ཏོག་ལེན་མི་དང་ སྤྲོད་མི་༢ ཆ་ར་ལུ་ སྟབས་མ་བདེཝ་ཐོན་ཡོདཔ་ཨིན་པས།
རྫོང་བདག་སྐྱོང་གི་གྲས་ལས་ བདག་སྐྱོང་དང་ མི་སྟོབས་ དེ་ལས་ དངུལ་རྩིས་སྡེ་ཚན་ཚུ་མ་གཏོགས་ གཞན་མི་ རང་བཞིན་སླར་འབྱུང་འཐོན་སྐྱེད་ཡིག་ཚང་དང་ གསོ་བའི་ཡིག་ཚང་དེ་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མའི་ ས་ཁོངས་ནང་དང་ བཟོ་རིག་སྡེ་ཚན་གྱི་ ཡིག་ཚང་དེ་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ ས་ཁོངས་ནང་ཡོདཔ་ལས་ འཕྲལ་མགྱོགས་ར་ ཡིག་ཚང་ཚུ་ ཁྱིམ་ཐོག་གཅིག་གི་འོག་ལུ་ སྤོ་ཚུགས་ནིའི་རེ་བ་ཡོད་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
རྫོང་རྙིངམ་དེ་ནང་ རྫོང་ཁག་བདག་སྐྱོང་ནང་ ལཱ་གནང་མི་དང་ རབ་སྡེ་གྲྭ་ཚང་ནང་བཞུགས་མི་ དགེ་སློང་ཚུ་དང་གཅིག་ཁར་ཨིནམ་ལས་ ས་ཁོངས་མ་ལང་པའི་ དཀའ་ངལ་སྦོམ་ཡོདཔ་ལས་ དཀའ་ངལ་དེ་ སེལ་ཐབས་ལུ་དམིགས་ཏེ་ སྒྲིང་ཁྱིམ་གསརཔ་༤ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཏེ་ཡོདཔ་ལས་ ད་ལས་ཕར་ དཀའ་ངལ་ཚུ་ བསལ་ཚུགས་ཟེར་ རྫོང་བདག་ཤེས་རབ་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མའི་ རྫོང་རྙིངམ་དེ་ནང་ ད་རེས་ནངས་པ་ མ་ཤོང་མེད་མི་དེ་ཡང་ གཞུང་གིས་ ལས་ཁུངས་དེ་ ལས་སྡེ་ དེ་ལས་ ལོ་རེ་ཆད་མེད་པར་ ཡིག་ཚང་གསརཔ་ འགོ་བཙུགས་ནི་ཡོདཔ་ལས་ རྫོང་ཁག་ནང་ ཕྱག་ལཱ་གནང་མི་ ལོ་བསྟར་ཡར་སེང་འགྱོ་དོ་ཡོདཔ་ལས་ ད་ལས་ཕར་ དཀའ་ངལ་སེལ་ཐབས་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་ཁོངས་བརྒྱ་ཆ་༥༠ ལྷགཔ་ཅིག་ རྫོང་ཁག་བདག་སྐྱོང་གིས་ ལག་ལེན་འཐབ་དགོཔ་ལས་ རབ་སྡེ་གྲྭ་ཚང་ལུ་ཡང་ སྟབས་མ་བདེཝ་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་དེ་ རྫོང་གསརཔ་ནང་ སྤོ་བཤུད་འབད་བའི་བསྒང་ལས་ ཞི་གཡོགཔ་ཚུ་ལུ་མ་ཚད་ རབ་སྡེ་ལུ་ཡང་ བྱ་སྟབས་བདེ་ཏོག་ཏོ་ འགྱོ་འོང་ཟེར་ཨིན་པས།
རྫོང་བདག་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ས་ཁོངས་ཀྱིས་ སྟབས་མ་བདེཝ་ཡོད་མི་ལུ་བརྟེན་ བཞེས་སྒོ་བཟའ་ནི་དང་ དཔེ་ཆ་ལྷག་ནི་ དེ་ལས་ ཉལ་ཁང་ཚུ་གཅིག་ཁར་ ལག་ལེན་འཐབ་དགོཔ་ལས་ གཙང་སྦྲ་འཕྲོད་བསྟེན་ལུ་ཡང་ གནོད་དོ་ཡོདཔ་ལས་ ཁང་མིག་གསརཔ་དེ་གིས་ རབ་སྡེ་གི་དཀའ་ངལ་དང་ མི་སེར་གྱི་དཀའ་ངལ་ བསལ་ཚུགས་ཟེར་ཨིན་པས།
ད་རེས་ནངས་པ་ ཕྱི་ནང་མེད་པར་ ཧ་ལམ་བསྒྲུབས་ཚར་ཡོདཔ་ལས་ ད་ལས་ཕར་འབད་དགོཔ་དེ་ར་ ཕྱི་ཁར་ལུ་ རྩི་གནག་གཏང་ནི་དང་ རག་རོག་ཚུ་བསལ་ནི་ལུ་ ཟླཝ་དག་པ་ཅིག་འགོར་ནི་ཨིནམ་ལས་ རྫོང་ཁག་ནང་ འཆར་གཞི་༡༠ པའི་ནང་ གྲུབ་འབྲས་སྦོམ་ཤོས་ཅིག་ རྫོང་ཁག་བདག་སྐྱོང་གི་ སྒྲིང་ཁྱིམ་བསྒྲུབས་ཚུགས་མི་དེ་ ཨིན་ཟེར་ཨིན་པས།
རབ་སྡེའི་དགེ་སློང་ཚུ་གིས་ སླབ་མིའི་ནང་ དགེ་སློང་བརྒྱ་ལྷགཔ་ཅིག་ ས་ཁོངས་མེད་པར་ ཟ་ཁང་དང་ ཉལ་ཁང་ དེ་ལས་ དཔེ་ཆ་ལྷབ་ནི་ཚུ་ ཁང་མིག་༡ ནང་འབད་དགོཔ་ལས་ སྟབས་མ་བདེཝ་ཡོད་ཟེར་ཨིནམ་ད་ ད་ལས་ཕར་ རྫོང་ཁག་བདག་སྐྱོང་དེ་ སྤོ་བའི་བསྒང་ལས་ བྱ་སྟབས་བདེ་སྡུག་འབྱུང་ནི་ཨིནམ་ལས་ སེམས་དགའ་སྟེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ སྐུ་རིམ་དང་ ཚེས་བཅུ་ལ་སོགས་པ་ཚུ་ གནང་པའི་སྐབས་ལུ་ཡང་ རབ་སྡེ་གྲྭ་ཚང་དང་ མི་མང་ལུ་ ས་ཁོངས་ཀྱི་ སྟབས་མ་བདེཝ་ཐོན་དོ་ཡོདཔ་ལས་ ད་ལས་ཕར་ བྱ་སྟབས་བདེ་ནིའི་དོན་ལུ་ རྫོང་གི་སྦོ་ལོགས་ཁར་ ཀུན་ར་ལྷ་ཁང་སྦོམ་ཤོས་ཅིག་ཡང་ ཧ་ལམ་བསྒྲུབས་ཚར་ཡོདཔ་ལས་ རྫོང་བདག་གིས་ བཤད་མིའི་ནང་ དུས་ཅི་ སྤྱི་ཟླ་༩ པའི་ནང་ ཕྱི་ནང་མེད་པར་ བསྒྲུབ་ཚུགསཔ་འབད་ནི་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་གི་ སྒྲིང་ཁྱིམ་ཚུ་ཡང་ འཆར་གཞི་༡༠ པ་ དང་འཁྲིལ་ཏེ་ སྤྱི་ལོ་༢༠༡༠ ལུ་ བཞེངས་ནི་འགོ་བཙུགས་ཡོདཔ་ལས་ དུས་ཅི་ ལོ་མཇུག་བསྡུ་ཁམས་ལུ་ ཡོངས་རྫོགས་བསྒྲུབ་ཚུགས་ནི་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment