གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞི་གཡོགཔ་གོངམ་༡༡ ཐོབ་ལམ་མེད་པར་ དགོངས་ཞུ་འབད་དགོ་ནི།

༡༩/༧/༢༠༡༣   དེ་ཡང་ མངོན་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་བཤེར་ཡིག་ཕྱིར་འབུད་བཏང་མི་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་གྱི་འཁྲུན་ཆོད་ བསྟར་སྤྱོད་འབད་ནི་ཨིན་པས།
༉ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ མོང་སྒར་རྒྱལ་པོའི་ཞིང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་༡༣ གྱིས་ ཆེ་མཐོ་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་མི་དེ་ ཕྱིར་འབུད་བཏང་མི་དང་བསྟུན་ ད་ལྟོ་ ཞི་གཡོག་ནང་ཡོད་མི་ འགོ་དཔོན་ཚུ་ དགོངས་ཞུའི་ཐོབ་ལམ་མེད་པར་ དགོངས་ཞུ་འབད་དགོཔ་ འཐོན་ནི་ཨིན་པས།


ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་༡༣ ལས་༡༡ ཞི་གཡོགཔ་གོངམ་ཚུ་ཨིནམ་ད་ ཁོང་གིས་ ཁྲིམས་ལུགས་དང་མ་འཁྲིལ་བར་ ཐོབ་ལམ་མེད་མི་ཚུ་ལུ་ ས་ཆ་བགོ་བཀྲམ་འབད་མི་ལུ་བརྟེན་ མོང་སྒར་རྫོང་ཁག་དང་ ཆེ་མཐོ་ཁྲིམས་འདུན་༢ ཀྱིས་  ཡིག་ཚང་བྱ་སྤྱོད་ངན་པའི་ཉེས་ཁྲིམས་ ལོ་རེ་བཀལ་མི་དེ་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ནུག།
མངོན་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་བཤེར་ཡིག་ཆ་མེད་བཏང་ཐོག་ལས་ ཐོག་མའི་ཁྲིམས་འདུན་༢ ཀྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་ཡོདཔ་ལས་ ཉེས་འཛུགས་ཅན་ཚུ་ ཞི་གཡོག་བཅའ་ཁྲིམས་ཀྱི་ དགོངས་དོན་དང་འཁྲིལ་དགོཔ་འོང་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ཧེ་མའི་ དྲི་བ་དྲིས་ལན་སྐབས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་པོའི་ཞིང་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ ཉེས་ཁྲིམས་ཕོག་མི་ ཞི་གཡོགཔ་ཚུ་ གཡོག་ནང་ལས་ དགོངས་གྲོལ་གཏང་འོང་ཟེར་ཨིན་པས།
ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་ཁྲིམས་ཕོག་མི་ ཞི་གཡོགཔ་ཚུ་ ཞི་གཡོག་ནང་ ཕྱག་ཞུ་སྟེ་ ལོ་ངོ་༡༦ ལས་༣༥ ལང་ཡོདཔ་ད་ ལ་ལུ་ཅིག་ དགོངས་ཞུའི་ལོ་གྲངས་ཚང་རན་ཡོདཔ་ཨིན་པས།
ཞི་གཡོག་པའི་བཅའ་ཁྲིམས་༢༠༡༠ ཅན་མའི་དོན་ཚན་༨༥ པ་དང་འཁྲིལཝ་ད་ ཞི་གཡོགཔ་ག་ཨིན་རུང་ གཞུང་འབྲེལ་མིན་པའི་ འགན་ཁུར་གྲུབ་པའི་སྐབས་ ཉེས་ལས་འཐབ་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ ཉེས་ཕྲའི་བཙོན་ཁྲིམས་བཀལ་ཡོད་པ་ཅིན་ ཞི་གཡོག་ནང་ལས་ བཏོན་གཏང་དགོཔ་སྦེ་ཡོདཔ་ད་ དགོངས་གྲོལ་དང་གཅིག་ཁར་ དགོངས་ཞུའི་ཐོབ་ལམ་ཚུ་ཡང་ མི་འཐོབ་ཟེར་ ཞི་གཡོག་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ཧེ་མར་ སླབ་ཡོདཔ་ཨིན།
ཚོགས་ཆུང་གི་ འཐུས་མི་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ རྒྱལ་པོའི་ཞིང་གི་ ས་ཆ་དེ་ ལམ་ལུགས་དང་འཁྲིལ་ བགོ་བཀྲམ་འབད་ཡོདཔ་ལས་ ཁོང་ལུ་ ཁེ་ཕན་ཐོབ་ཐོབ་ག་ནི་ཡང་མེད་རུང་ ཁྲིམས་འདུན་ལས་ བཙོན་ཁྲིམས་ལོ་རེ་བཀལ་མི་དེ་ ཁེ་རྒུད་རྩ་ལས་ མ་བཏུབ་ལས་ སེམས་མ་དགའ་ཟེར་ཨིན་པས།
གསོ་བའི་ལྷན་ཁག་ནང་ ལས་རིམ་འགོ་དཔོན་སྦེ་ ཕྱག་ཞུ་སྟེ་ ལོ་ངོ་༢༧ ལང་མི་ ཁི་ན་མ་ཡ་ མོ་ཧོ་ར་གིས་འབད་བ་ཅིན་ ད་ལྟོ་ མོ་ར་དང་ ཆ་རོགས་ཚུ་ ག་ཅི་འབད་ནི་ཨིན་ན་ཡང་ མ་ཤེས་པར་ མགུ་འཐོམ་སྟེ་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ ག་དེ་སྦེ་ འབད་ནི་ཨིན་ན་ མནོ་བསམ་གཏང་ནི་གི་ ཉིན་གྲངས་༡༠ ཡོདཔ་བཞིན་དུ་ དེ་གི་ནང་འཁོད་ལུ་ ཆ་རོགས་ཚུ་དང་ བསྟུན་གྲོས་རྐྱབ་ཞིནམ་ལས་རྐྱངམ་གཅིག་ ཐག་གཏོགས་ཚུགས་ནི་མས་ཟེར་ མོ་གིས་ སླབ་ཨིན་པས།
ད་རུང་ ཞི་གཡོག་ནང་ ཕྱག་ཞུ་སྟེ་ ལོ་༡༦ ལང་མི་ མོང་སྒར་རྫོང་ཁག་སོ་ནམ་འགོ་དཔོན་ལས་རོགས་ དཀར་ཅུང་གིས་ སླབ་མིའི་ནང་ མངོན་མཐོ་ཁྲིམས་འདུན་ལས་ འཁྲུན་ཆོད་ལུ་ བསྒྱུར་བཅོས་ག་ནི་ཡང་མེདཔ་ལས་ ག་ཅི་ཡང་ འབད་ཐབས་མེད་པར་ མགུ་འཐོམ་སྟེ་ སྡོད་ཡོད་ཟེར་ཨིན་པས།
ལ་ལུ་ཅིག་གིས་ སླབ་མིའི་ནང་ འཐུས་མི་ཚུ་ གྲོས་བསྡུར་འབད་ཞིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ སྐྱིད་སྡུག་ཞུ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཅིག་གིས་ སླབ་མིའི་ནང་ ཉེས་འཛུགས་ཅན་ཚུ་གིས་ བཙོན་ཁྲིམས་ལོ་རེ་ཕོག་མིའི་ ཁྲིམས་འཐུས་དེ་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ བཏབ་དགོ་ཟེར་ཨིན་པས།
ཞི་གཡོགཔ་ཚུ་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ ནང་སྲིད་བློན་པོ་བགྲེསཔ་ མི་འགྱུར་རྡོ་རྗེ་དེ་ མོང་སྒར་གྱི་ རྫོང་བདག་དང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་སྦེ་ སྡོད་པའི་སྐབས་ལུ་ ཚོགས་ཆུང་གི་ འཐུས་མི་ཨིནམ་ད་ ཞི་གཡོག་འགོ་དཔོན་གོངམ་ཚུ་གི་གྲངས་སུ་ རྫོང་ཁག་སོ་ནམ་འགོ་དཔོན་གོང་འོག་༢ དང་ རྫོང་ཁག་གསོ་བའི་འགོ་དཔོན་ རྫོང་ཁག་ཤེས་རིག་འགོ་དཔོན་གོང་འོག་༢ རྫོང་ཁག་བཟོ་རིག་འགོ་དཔོན་ སྒོ་ནོར་འགོ་དཔོན་ དངུལ་རྩིས་འགོ་དཔོན་ རྫོང་ཁག་ས་ཁྲམ་འགོ་དཔོན་ཚུ་ཨིན་པས།
ནང་སྲིད་བློན་པོ་བགྲེསཔ་ མི་འགྱུར་རྡོ་རྗེ་དང་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ འོས་འབབ་མེད་པའི་ ས་ཚན་༥ བགོ་སྤྲོད་འབད་མི་དེ་ཡང་ སྤྱི་ལོ་༢༠༠༥ ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་དང་ མོང་སྒར་དགྲ་མེད་རྩེ་གྲྭ་ཚང་གཉིས་ལུ་ ས་ཆ་སྤྲོད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༦ ཟླཝ་༤ པའི་ནང་ མི་ངོ་༣ ལུ་ བགོ་སྤྲོད་འབད་ཡོདཔ་ཨིན་པས།
ཁྲོམ་ས་བགོ་སྤྲོད་ཚོགས་ཆུང་ནང་ འཐུས་མི་༡༥ ཡོད་མི་ལས་༡ མོང་སྒར་གྱི་ ཚོང་པའི་སྤྱི་མི་དང་ རྫོང་རབ་བགྲེསཔ་ཨིནམ་ད་ གཞན་༡༣ པོ་དེ་ ཞི་གཡོགཔ་ཨིན་རུང་༢ རྒྱལ་ཁབ་ཀྱི་ཕྱི་ཁར་ སློབ་སྦྱོང་འབད་བའི་བསྒང་ཡོདཔ་ལས་ ཁོང་གཉིས་ཀྱི་ རྩོད་གཞི་དེ་ ཕྱིར་འགྱངས་འབད་ཡོདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment