གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤུལ་མའི་ཟླ་མཇུག་ཁམས་ལས་ སྟག་ཁམས་སྦིས་གཡུས་ཚན་ནང་ གློག་མེ་ལྷོད་ཚུགས་ནི།

༢༣/༧/༢༠༡༣   ༉ མོང་སྒར་རྫོང་ཁག་ ཙ་ཀ་གླིང་རྒེད་འོག་ སྟག་ཁམས་སྦིས་སྤྱི་འོག་གི་ ཁྱིམ་གུང་པ་༥༦ ལྷགཔ་ཅིག་གི་ མི་སེར་ཚུ་གིས་ ད་ལྟོ་ཚུན་ གྲོང་གསེབ་གློག་མེའི་ ཞབས་ཏོག་འཐོབ་ནིའི་དོན་ལུ་ སྒུག་སྟེ་ཡོད་མི་དེ་ འཕྲལ་མགྱོགས་ར་ འཐོབ་ཚུགས་ནི་ཨིན་པས།
གློག་མེ་མ་ལྷོད་པའི་སྐབས་ཀྱི་གནས་སྟངས།


དེ་ཡང་ མོང་སྒར་ གྲོང་གསེབ་གློག་མེ་བཀྲམ་སྤེལ་ལས་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ གློག་མེ་གི་ཞབས་ཏོག་དེ་ སྤྱི་ཟླ་༨ པའི་ ཟླ་མཇུག་ཁམས་ལུ་ སྤྲོད་ཚུགས་པའི་ དམིགས་གཏད་བསྐྱེད་དེ་ཡོད་ཟེར་ཨིནམ་ད་ མི་སེར་ཚུ་གིས་འབད་རུང་ ཁོང་རའི་ཁྱིམ་ནང་ གློག་ཐག་དང་ གློག་ཆས་ཚུ་ སྤྲིངས་ཚར་ཡོདཔ་མ་ཚད་ བཞེས་སྒོ་འབད་ནིའི་དོན་ལུ་ ཐབ་ཆས་ཚུ་ཡང་ཉོ་སྟེ་ གྲ་སྒྲིག་འབད་ཡོདཔ་ཨིན་པས།
ད་ལྟོ་ཚུན་ གཡུས་ཚན་དེ་ནང་ གློག་མེའི་མཐུན་རྐྱེན་མེདཔ་ལས་བརྟེན་ དཔེ་འབད་བ་ཅིན་ སྐྱེས་ལོ་༡༢ ལང་མི་ སློབ་ཕྲུག་བསོད་ནམས་བཟུམ་ཅིག་ལུ་འབད་བ་ཅིན་ ཁོ་གིས་ འཕྲལ་འཕྲལ་སྦེ་ར་ སློབ་དཔོན་ཚུ་ལས་ ཚོགས་བརྡ་ཐོབ་པའི་སྐབས་ལུ་ གློག་མེའི་མཐུན་རྐྱེན་ཡོད་པ་ཅིན་ཟེར་ མནོ་བསམ་བཏང་དགོཔ་བྱུང་མི་དེ་ཡང་ བདུན་ཕྲག་ཨ་རྟག་ར་ དཔེ་ཆ་ལྷབ་ནི་ གོ་སྐབས་མ་འཐོབ་པར་ ཐབས་ཤིང་འཐུ་བར་ འགྱོ་དགོ་ནི་དེ་གིས་ཨིན་པས།
ཨིན་རུང་ ད་ལས་ཕར་ གློག་མེའི་ཞབས་ཏོག་ལྷོད་པའི་བསྒང་ལས་ དཔེ་ཆ་ལུ་ བརྩོན་འགྲུས་བསྐྱེད་ཚུགས་ནི་ཨིནམ་མ་ཚད་ མི་སེར་ཚུ་གི་ རེ་བ་ལས་འབད་རུང་ ཨ་ལུ་ཚུ་གི་རྒྱུད་ལུ་ ཡོན་ཏན་གྱི་ལྕོགས་གྲུབ་ སྦོམ་བཟོ་ཚུགས་པའི་རེ་བ་བསྐྱེད་མི་དེ་ཡང་ གློག་མེའི་ཞབས་ཏོག་ལུ་བརྟེན་ དུས་ཐེབས་ཐོག་ལས་ དཔེ་ཆ་ལྷབ་ཚུགས་ནི་ཨིན་མི་ལུ་བརྟེན་ཨིན་པས།
སོ་ནམ་པ་ ཕྱག་རྡོར་བཟུམ་ཅིག་འབད་རུང་ ད་རེས་ནངས་པ་ གཡུས་ཚན་དེ་ནང་ གློག་མེའི་ཞབས་ཏོག་མེདཔ་ལས་བརྟེན་ དྲོ་པ་ཧ་སག་ལོང་སྟེ་ ཨ་ལུ་ཚུ་གི་དོན་ལུ་ ལྟོ་འབད་དགོཔ་ལས་ སྟབས་མ་བདེཝ་སྦོམ་ཐོནམ་མས་ཟེར་ཨིནམ་ད་ ཨིན་རུང་ ད་ལས་ཕར་ གློག་མེ་ལྷོད་ཚུགས་ནི་ཨིནམ་ལས་ དཀའཝ་སྤྱད་མི་དགོ་ནི་མས་ཟེར་ཨིན་པས།
སྟག་ཁམས་སྦིས་གཡུས་ཚན།

དེ་མ་ཚད་ མོ་གིས་ སླབ་མིའི་ནང་ གློག་མེ་གི་མཐུན་རྐྱེན་ལུ་བརྟེན་ བཞེས་སྒོ་འབད་ནི་གིས་མ་ཚད་པར་ ཉིན་མ་ལཱ་འབད་ནི་དང་ ཕྱི་རུ་ཐགས་འཐག་སྟེ་ དངུལ་གྱི་འོང་འབབ་ཡང་ བཟོ་ཚུགས་ནི་མས་ཟེར་ཨིནམ་ད་ ད་རེས་ནངས་པ་འབད་བ་ཅིན་ གློག་མེ་མེདཔ་ལས་ ཕྱི་རུ་ ལྟོ་བཟའ་ཚརཝ་ཅིག་ ཉལ་ནི་འགོ་བཙུགསཔ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་པ་ཚེ་རིང་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ གློག་མེ་མེདཔ་ལས་བརྟེན་ གཡུས་མི་ཚུ་ ཐབ་ཤིང་ལུ་བརྟེན་སྡོད་ཡོདཔ་ལས་ ད་ལས་ཕར་ གློག་མེ་དེ་གིས་ རང་བཞིན་གནས་སྟངས་བདག་འཛིན་འབད་ནི་ལུ་ཡང་ ཕན་ཐོག་སྦོམ་འབྱུང་ཚུགས་ནི་མས་ཟེར་ཨིནམ་ད་ གློག་མེ་དེ་གིས་ མི་སེར་སོ་ནམ་པ་མ་ཚད་ སློབ་གྲྭ་ནང་གི་ སློབ་དཔོན་དང་ ཞི་གཡོགཔ་ཚུ་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
ཨ་ལུ་༤ གི་ཨཔ་ཅིག་གིས་ དུས་ཅི་ལས་ དུ་པ་ནང་སྡོད་ནི་གི་ དུས་སྐལ་དེ་ རྫོགས་ནི་ཨིནམ་ལས་ ཁྱིམ་ནང་གཙང་སྦྲ་དང་ལྡནམ་སྦེ་ སྡོད་ཚུགས་ནི་ཨིནམ་མ་ཚད་ གཟུགས་ཁམས་འཕྲོད་བསྟེན་ཐོག་ སྡོད་ཚུགས་ནི་མས་ཟེར་ དགའ་འཛུམ་དང་བཅསཔ་སྦེ་ སླབ་ཨིན་པས།
ཙ་ཀ་གླིང་རྒཔོ་ ཀརྨ་བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ སྤྱི་འོག་ནང་ གློག་མེ་མེདཔ་ལས་བརྟེན་ མི་སེར་ཚུ་ གནག་དུང་ནང་ལུ་ དཀའཝ་སྤྱད་དེ་སྡོད་མི་དེ་ འཕྲལ་མགྱོགས་ར་ བསལ་ཚུགས་ཟེར་ཨིནམ་ད་ སྤྱི་འོག་ནང་ སློབ་གྲྭ་དང་ འཁོར་ལམ་ཚུ་ལྷོད་དེ་ཡོདཔ་ལས་ ད་ལས་ཕར་ གློག་མེ་ཞབས་ཏོག་དེ་གིས་ ཧེང་སྐལ་ར་ ཡར་རྒྱས་ཀྱི་གོམ་པ་སྤོ་ཚུགས་ཟེར་ཨིན་པས།
གྲོང་གསེབ་གློག་མེ་བཀྲམ་སྤེལ་སྡེ་ཚན་ལས་ ས་ཁོངས་བཟོ་རིག་འགོ་དཔོན་ པདྨ་རིག་འཛིན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ལཱ་བརྒྱ་ཆ་༩༥ དེ་ཅིག་ མཇུག་བསྡུ་ཚར་ཡོདཔ་ལས་ ད་ལས་ཕར་ འབད་དགོཔ་གནམ་མེད་ས་མེད་ཅིག་མེད་ཟེར་ཨིནམ་ད་ གཡུས་ཚན་དེ་ནང་ གློག་མེ་གི་ཞབས་ཏོག་དེ་ སྤྱི་ཟླ་༨ པའི་ཟླ་མཇུག་ལུ་ བཀྲམ་སྤེལ་འབད་ཚུགསཔ་སྦེ་ར་ འབད་སྦེ་ནི་ཨིན་ཟེར་ཨིན་པས།
གློག་མེ་བཀྲམ་སྤེལ་གྱི་ལཱ་དེ་ ན་ཧིང་ སྤྱི་ཟླ་༢ པ་དེ་ཅིག་ལས་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གི་ རྒྱབ་སྐྱོར་ཐོག་ལས་ འགོ་བཙུགས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment