གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མངོན་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་བཤེར་ཡིག་ཚུ་ ཆ་མེད་བཏང་ཡོདཔ།

༡༨/༧/༢༠༡༣   ཚོགས་དཔོན་བགྲེསཔ་དང་ ནང་སྲིད་བློན་པོ་བགྲེསཔ་ དེ་ལས་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་༡༣ གྱི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེདཔ།
༉ མོང་སྒར་རྒྱལ་པོའི་ཞིང་ས་ཆ་བགོ་བཀྲམ་དང་འབྲེལ་བའི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ད་རུང་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་དེ་ ཟླཝ་༢ དེ་ཅིག་གི་ཤུལ་ལས་ ཁ་ཙ་ མངོན་མཐོ་ཁྲིམས་འདུན་ལས་ མཐོ་གཏུགས་བཤེར་ཡིག་ཚུ་ ཆ་མེད་ཀྱི་ བཀའ་རྒྱ་བཏོནམ་ལས་ ཆེ་མཐོ་ཁྲིམས་འདུན་གྱི་ གྲོས་ཆོད་ཚུ་ བསྟར་སྤྱོད་འབད་དགོཔ་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ།


མངོན་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་དང་འཁྲིལཝ་ད་ ཐོག་མའི་ཁྲིམས་འདུན་གོང་འོག་གཉིས་ཆ་ར་གིས་ ཁྲིམས་དང་འཁྲིལ་ཏེ་ འཁྲུན་ཆོད་གནང་ཡོདཔ་ལས་ ཁྲིམས་འདུན་ལས་ དབྱེ་བཤེར་འབད་དགོཔ་མེད་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་བགྲེསཔ་དང་ ནང་སྲིད་བློན་པོ་བགྲེསཔ་ དེ་ལས་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༡༣ གྱི་ མཐོ་གཏུགས་བཤེར་ཡིག་ཚུ་ ཆ་མེད་བཏང་ཡི་ཟེར་བཀོད་ནུག།
དེ་འབདཝ་ལས་ མཐོ་གཏུགས་པ་ཚུ་གིས་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་གནང་མི་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལ་ ཉིན་གྲངས་༡༠ གྱི་ ནང་འཁོད་ལུ་ ངོས་ལེན་འབད་དགོཔ་ཨིན་པས།
ཚོགས་དཔོན་བགྲེསཔ།
ཚོགས་དཔོན་བགྲེསཔ་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ སྤྱི་ལོ་༡༩༩༩-༢༠༠༢ ཀྱི་བར་ན་ མོང་སྒར་རྫོང་བདག་དང་ རྒྱལ་པོའི་ཞིང་ཁྲོམ་ས་བགོ་བཀྲམ་གྱི་ ཁྲི་འཛིན་སྦེ་ བཞུགས་པའི་སྐབས་ལུ་ ཁོ་རའི་གཡོགམོ་རྩིས་ཏེ་ མི་གྲངས་༢༣ ལུ་ གཡོ་སྒྱུའི་ཐོག་ལས་ ས་ཆ་སྤྲོད་ཡོད་མི་ལུ་བརྟེན་ ཁྲིམས་གཞུང་ཆེན་མོ་ན་༡-༢ པའི་ དགོངས་དོན་ལྟར་ ཆེ་མཐོ་ཁྲིམས་འདུན་དང་ མོང་སྒར་རྫོང་ཁག་ཁྲིམས་འདུན་གཉིས་ཆ་ར་གིས་ ཡིང་ཚང་བྱ་སྤྱོད་ངན་པའི་ བཙོན་ཁྲིམས་ལོ་༢ དང་ཟླཝ་༦ བཀལ་མི་དེ་ ཁྲིམས་འཐུས་བཙུགས་ཆོགཔ་སྦེ་ འཁྲུན་ཆོད་གནང་ནུག།
ཚོགས་དཔོན་བགྲེསཔ་གིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ སྤྱི་ཟླ་༤ པའི་སྔ་ཆ་ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོད་རུང་ བསྒྱུར་བཅོས་མེད་པ་ལུ་བརྟེན་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོད་མི་དེ་ཡང་ ཚོགས་དཔོན་བགྲེསཔ་ལུ་ ཉེས་འཛུགས་ཁག་༢༣ བཀལ་མི་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ ཉེས་འཛུགས་༡ ཡིག་ཆ་རྫུས་བཟོའི་ སྒྲུབ་བྱེད་མེདཔ་ལས་ ངོས་ལེན་མ་མཛདཔ་ཨིན་རུང་ བཙོན་ཁྲིམས་ཕབ་ཆག་མ་གནང་མི་ལུ་བརྟེན་ཏེ་ཨིན་ཟེར་  ཁོ་གི་རྒྱབ་མི་ ཆོས་གྲགས་ཀྱིས་ ཧེ་མའི་ དྲི་བ་དྲིས་ལན་ནང་ སླབ་ཨིན་པས།
ཐོག་མའི་ཁྲིམས་འདུན་གྱི་ གྲོས་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ས་ཆ་ལ་ལུ་ཅིག་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ མཁོ་སྒྲུབ་མ་འབད་བའི་ གཞུང་ས་ནང་ལས་ཡང་ སྤྲོད་ཡོདཔ་མ་ཚད་ གཞུང་གིས་ ཆ་འཇོག་གནང་ཡོད་པའི་ ཚད་གཞི་དང་འཁྲིལ་ ས་ཆ་བགོ་བཀྲམ་འབད་མི་ཚུ་ཡང་ སའི་རྒྱ་ཚད་ཆུང་ཀུ་དང་ ལ་ལུ་ཅིག་ལུ་ རྒྱ་ཚད་སྦོམ་སྦེ་སྤྲོད་ཡོདཔ་ཨིན་པས།
ཚོགས་དཔོན་བགྲེསཔ་གིས་ རྒྱལ་པོའི་ཞིང་གི་ས་ཆ་ གོ་རིམ་དང་པ་ སྤྱི་ལོ་༡༩༩༩ ཟླ་༢ པའི་ཚེས་༢༡ ལུ་ བགོ་བཀྲམ་འབད་བའི་སྐབས་ ཚོང་འབྲེལ་ས་ཆ་༡༩ བགོ་སྤྲོད་འབད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༡ ཟླ་༦ པའི་ཚེས་༡ ལུ་ ཚོང་འབྲེལ་ས་ཆའི་དོན་ལུ་ ཞུ་ཡིག་བཙུགས་མི་༤༣ ཡོད་ས་ལས་ མི་ངོ་༢༦ ལུ་དང་ ཁྱིམ་སའི་དོན་ལུ་ ཞུ་ཡིག་བཙུགས་མི་༨༩ ལས་ མི་ངོ་༤༡ ལུ་ ཁྱིམ་ས་བགོ་བཀྲམ་འབད་ཡོདཔ་ད་ སྤྱི་ལོ་༢༠༠༢ ཟླ་༣ པའི་ཚེས་༡ ལུ་ ཁྲོམ་ས་༧ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཚོང་འབྲེལ་ས་ཁོངས་ནང་ ཞུ་ཡིག་བཙུགས་མི་རེ་ལུ་ སྤྱིར་བཏང་ཚད་གཞི་དེ་ ཌིསི་༧.༢༦ ཨིན་རུང་ མཐོ་གཏུགས་པ་གིས་ ལ་ལུ་ཅིག་ལུ་ ཁྲོམ་ས་ཌིསི་༡༤.༥༧ དང་ ཁྱིམ་ས་ཌིསི་༡༠.༦༧ དང་༥༠ གི་བར་ན་ སྤྲོད་ཡོདཔ་ད་ སྤྱི་ལོ་༢༠༠༡ ཟླ་༦ པའི་ཚེས་༡ ལུ་ བགོ་བཀྲམ་འབད་མི་ ཁྲོམ་ས་དེ་ ཚོགས་ཆུང་གིས་ ཁ་རྗེའི་རྒྱན་ཤོག་འཐུ་ཐོག་ལས་ བགོ་སྤྲོད་འབད་ཡོད་རུང་ མི་ངོ་མང་ཤོས་ར་ རྫོང་ཁག་གི་ ཁྱབ་བསྒྲགས་སྤེལ་ཡོད་པའི་ དུས་ཚོད་ལུ་ ལྷོད་མ་ཚུགས་པར་ ལུས་ཡོདཔ་ལས་ ཐོ་དང་འཁྲིལ་བ་ཅིན་ ཁྱིམ་སའི་དོན་ལུ་ ཞུ་ཡིག་བཙུགས་མི་༩༠ ཡོད་མི་ལས་༦༧ མ་ལྷོད་པའི་ཁར་ མི་ངོ་༤ གི་རྒྱན་ཤོག་སྟོངམ་འཐུ་ཡོདཔ་ད་ མི་ངོ་༤ ལུ་ སྔོན་མངགས་འབད་བཞག་ཡོད་པའི་གུ་༡༥ ལུ་ ཁྱིམ་ས་བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ཚོང་འབྲེལ་ས་ཆའི་དོན་ལུ་ ཞུ་ཡིག་བཙུགས་མི་༤༣ ཡོད་ས་ལས་༡༩ མ་ལྷོད་པས་ཟེར་ཨིན་པས།
དེ་ཚུ་གི་གྲས་ལས་ མི་ངོ་༢༠ ལུ་ ས་ཆ་བགོ་བཀྲམ་འབད་ཡོད་རུང་ ཁ་རྗེའི་རྒྱན་ཤོག་འགོ་འདྲེན་འཐབ་སྟེ་ སྤྲོད་པའི་སྐབས་ལུ་ རྩོད་ཟླ་ཁོ་ར་མེད་རུང་ ཤུལ་ལས་ ཁོ་གིས་ དབང་ཚད་ལོག་སྤྱོད་འབད་དེ་ བགོ་བཀྲམ་འབདཝ་ད་ མ་ལྷོད་མི་དང་ དབང་ཙད་ཅན་གྱི་ མི་ཚུ་ལུ་ ས་ཆ་རྒྱ་སྦོམ་སྦེ་ སྤྲོད་ཡོདཔ་ལས་ ཀུར་རི་ཆུ་གློག་མེ་ལས་འགུལ་ལུ་ ས་ཤོར་མི་ཚུ་ ས་མ་ཐོབ་པར་ལུས་ཏེ་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དེ་ འདྲ་མཉམ་དང་ དྲང་བདེན་ཐོག་ མ་འབད་བས་ཟེར་ ཐོག་མའི་འཁྲུན་ཆོད་ནང་བཀོད་ནུག།
དེ་འབདཝ་ད་ ཐོག་མའི་ཁྲིམས་འདུན་གྱིས་ མཐོ་གཏུགས་པ་ལུ་ ཁོ་རའི་གཡོགམོ་ ཉི་མ་བཟང་མོའི་མིང་ཐོག་ ཞུ་ཡིག་གུ་ མིང་རྟགས་རྫུས་མ་བཀོད་པའི་ ཉེས་འཛུགས་འབད་མི་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ སྒྲུབ་བྱེད་མེདཔ་ལས་ ཕྱིར་འབུད་བཏང་རུང་ གཡོགམོ་ལུ་ ཚུལ་མིན་སྒོ་ལས་ ས་ཆ་སྤྲོད་ཡོད་པའི་ ཉེས་པ་བཀལ་ཡོདཔ་ད་ ས་འདི་ ཁྲོམ་ས་སྤྲོད་མི་ ཚོགས་ཆུང་གི་ འཐུས་མི་ཚུ་ ངོ་འཛོམས་ཐོག་ རྒྱན་ཤོག་འཐུ་ཞིནམ་ལས་ ཐོབ་ཡོདཔ་སྦེ་ བཟོ་བའི་ཁར་ སའི་རྒྱ་ཚད་ཕིཊ་གྲུ་བཞི་༤༦༤༨.༣༢ མེན་པར་ ཕིཊ་གྲུ་བཞི་༨༢༠༡.༧༦ སྤྲོད་ནུག་ཟེར་ཨིན་པས།

ནང་སྲིད་བློན་པོ་བགྲེསཔ་དང་ ཚོགས་ཆུང་གི་འཐུས་མི་༡༣།
དེ་ལས་ ནང་སྲིད་བློན་པོ་བགྲེསཔ་ མི་འགྱུར་རྡོ་རྗེ་དང་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༡༣ ལུ་ ཡིག་ཚང་བྱ་སྤྱོད་ངན་པའི་ བཙོན་ཁྲིམས་ལོ་རེ་ བཀལ་མི་ལུ་ བསམ་པ་མ་རྫོགས་པར་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དགོ་མི་དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱིས་ བསྒྱུར་བཅོས་ག་ནི་ཡང་མེད་པར་ ཐོག་མའི་འཁྲུན་ཆོད་ གཞི་འཛིན་འབད་མི་ལུ་བརྟེན་ཨིན་ཟེར་ ཁོང་གི་རྒྱབ་མི་ འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ སླབ་ཨིན་པས།
སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ མོང་སྒར་རྫོང་བདག་དང་ ས་ཆ་བགོ་སྤྲོདཚོགས་ཆུང་གི་ ཁྲི་འཛིན་སྦེ་ བཞུགས་པའི་སྐབས་ ནང་སྲིད་བློན་པོ་བགྲེསཔ་དང་ ཚོགས་ཆུང་གི་ འཐུས་མི་༡༣ གྱིས་ གཞུང་ཞབས་ལས་ ཆ་འཇོག་གནང་ཡོད་པའི་ ས་ཆ་སྤྲོད་ཐངས་ཀྱི་ ཚད་གཞི་དང་ བྱ་སྒོའི་ལམ་ལུགས་ཚུ་དང་མ་འཁྲིལ་བར་ ས་ཚན་༥ བགོ་སྤྲོད་འབད་མི་ལུ་བརྟེན་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་ཁྲིམས་ཕོག་ཡོདཔ་ཨིན་པས།
ཁོང་གིས་ ཧེ་མ་ལས་ ས་ཆ་དགོ་འདོད་བསྐྱེད་མི་ ཞུ་ཡིག་ཕུལ་མི་༡༢༤ རྒྱབ་སྐྱུར་བཞག་སྟེ་ ཤེས་བཞིན་མཐོང་བཞིན་ར་ ཚུལ་མིན་གྱི་ཐོག་ལས་ ཁྲོམ་སྡེ་ཚོགས་ཆུང་ཐེངས་༣༠ པའི་ནང་ མཁར་ཆུ་གྲྭ་ཚང་དང་ དགྲ་མེད་རྩེ་གྲྭ་ཚང་གཉིས་དང་ ཚོགས་ཐེངས་༣༤ པའི་ནང་ ཀུན་བཟང་སྒྲོལ་མ་ལུ་ སྤྲོད་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ མཐོ་གཏུགས་པ་ཚུ་གིས་ ཚུལ་མིན་ཐོག་ལས་ གྲྭ་ཚང་གཉིས་དང་ ཀུན་བཟང་སྒྲོལ་མ་ལུ་ ས་སྤྲོད་ཡོད་རུང་ ཁོང་ར་ལུ་ ཁེ་ཕན་ལྟག་སྤྲོད་མེད་པའི་ཁར་ ས་ཆའི་རྒྱ་ཚད་ཀྱི་ཐད་ལུ་ཡང་ ག་ར་གཅིག་མཚུངས་སྦེ་ སྤྲོད་ཡོདཔ་ལས་ བཙོན་ཁྲིམས་ལོ་༡ སྨིན་མི་དེ་ བློ་འདོད་དང་འཁྲིལ་ ཁྲིམས་འཐུས་བཏབ་ཆོག་ཟེར་འཁྲུན་ཆོད་ནང་བཀོད་ནུག།
མངོན་མཐོ་ཁྲིམས་འདུན་གྱིས་ བཀའ་རྒྱ་དང་འཁྲིལ་བ་ཅིན་ ཐོག་མའི་འཁྲུན་ཆོད་དང་འཁྲིལ་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ ཁྲིམས་འཐུས་བཏབ་དགོཔ་ད་ དེ་མིན་ ཉེས་ཁྲིམས་འབག་དགོཔ་ཨིན་པས།
ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཚུ་ མང་ཤོས་ར་ ཞི་གཡོགཔ་ཨིནམ་ལས་ བཙོན་ཁྲིམས་ལོ་རེ་ཕོག་མི་ལུ་བརྟེན་ ཞི་གཡོག་བཅའཡིག་དང་འཁྲིལཝ་ད་ ཐོབ་ལམ་ག་ནི་ཡང་མེདཔ་སྦེ་ ཞི་གཡོག་ནང་ལས་ དགོངས་གྲོལ་གཏང་ནི་གི་ འོས་འབབ་ཡོདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment