གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉི་དྲོད་གློག་ཤུགས་ཀྱི་ ར་བ་གིས་ སོ་ནམ་ཞིང་པ་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ།

༡༩/༧/༢༠༡༣   ༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་རྒེད་འོག་གི་ གཡུས་ཚན་ཚུ་ནང་ ཧེ་མ་འབད་བ་ཅིན་ ལོ་ཐོག་ཚུ་ ག་ཅི་ར་བཏབ་རུང་ ལེགས་ཤོམ་སྦེ་ བསྡུ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་རུང་ ལོ་ངོ་༥ དེ་ཅིག་གི་ཧེ་མར་ ཉི་དྲོད་གློག་ཤུགས་ཀྱི་ ར་བ་རྐྱབ་ཞིནམ་ལས་ཚུར་ མི་སེར་ཚུ་ལུ་ དཀའ་ངལ་དེ་ སེལ་ཚུགས་ཡོདཔ་ཨིན་པས།
ཉི་དྲོད་གློག་ཤུགས་ཀྱི་ ར་བ།


ལོ་ངོ་༥ དེ་ཅིག་གི་ཧེ་མར་ གཞི་བཙུགས་འབད་མིའི་ གློག་ཐག་ར་བ་ཚུ་གིས་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ ཕགཔ་དང་ གླངམོ་ཆེ་ ཀ་ཤ་ཚུ་ལས་ སྲུང་སྐྱོབ་འབད་ཚུགས་ཏེ་ ཡོདཔ་ཨིན་པས།
ཨིན་རུང་ གཡུས་ཚན་གྱི་ མི་སེར་ཚུ་ ད་ལྟོ་ ལྕང་ལཱ་རྐྱབ་པའི་བསྒང་འབདཝ་ལས་ གློག་ཐག་ར་བ་ཚུ་ ད་རེས་ཁམས་ཅིག་ཁར་ མེད་ཤོར་མི་ལུ་བརྟེན་ ཚ་གྱང་ལངམ་ཨིན་པས།
ད་ལྟོའི་གནས་སྟངས་ནང་ ཙོག་ཕུར་བརྡབས་མི་ཚུ་གུ་ ཆུ་དུང་པ་ཡེབ་ ཆུང་ཀུ་རེ་སྦྱལ་སྟེ་ བཀལ་ཡོད་མིའི་ནང་ལས་སྦེ་ གློག་ཐག་བཙུགས་མི་ཚུ་ དེ་སྦེ་ར་ཡོདཔ་ཨིན་རུང་ དེ་ཚུ་གི་འོག་ལུ་དང་ མཐའམ་བདའ་སྟེ་ རྩྭ་ཚུ་ རིངམོ་སྦེ་ སྐྱེས་ཡོདཔ་ཨིན་པས།
ཕུན་ཚོགས་ཐང་རྒེད་འོག་ སྨན་གྲུབ་གླིང་གཡུས་ཚན་ནང་ལས་ གཡུས་མི་རྒན་ཤོས་ཅིག་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གཡུས་ཚན་ནང་ ལོ་ཐོག་གེ་ཟ་དང་ ཀེ་བ་ཚུ་ འཛུགས་སྐྱོང་འཐབ་སྟེ་འབད་རུང་ ལོ་ཐོག་འཚོ་པའི་སྐབས་ལུ་ ལེགས་ཤོམ་སྦེ་བསྡུ་ཚུགས་པའི་ རེ་བ་ར་ བསྐྱེད་མ་དགོཔ་ཨིན་རུང་ ད་རེས་ ནངས་པ་ གློག་ཐག་ར་བ་དེ་ལུ་བརྟེན་ ཕན་ཐོགས་སྦོམ་ བྱུང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ གློག་ཐག་གིས་སྐོར་བའི་ ས་ཁོངས་ནང་མ་ཚུད་པའི་ ས་གནས་ཚུ་ནང་འབད་བ་ཅིན་ རི་དྭགས་སེམས་ཅན་ཚུ་གིས་ གནོད་སྐྱོན་ཚུ་ འཕྲོ་མཐུད་དེ་ར་ རྐྱབ་དོ་ཡོདཔ་ཨིན་རུང་ ར་བ་རྐྱབ་མིའི་ནང་ གནོད་སྐྱོན་བྱུང་ནི་མེད་ཟེར་ཨིན་པས།
སྨན་གྲུབ་གླིང་གཡུས་ཚན་གྱི་ ཚོགས་པ་བགྲེསཔ་ ཌམ་བར་སིང་ བུ་ཇེལ་གྱིས་ སླབ་མིའི་ནང་ དེ་བཟུམ་མའི་ གློག་ཐག་སྤྲིངས་མི་གིས་ གཞུང་ལུ་ བཀའ་དྲིན་དགའ་ཚོར་ སྦོམ་སྦེ་ར་བསམ་དགོཔ་ཡོད་ཟེར་ཨིནམ་ད་ ད་ལྟོ་མེདཔ་ཤོར་མི་གློག་ཐག་གི་ འཕྲུལ་ཆས་ཚུ་ ནགས་ཚལ་འགོ་དཔོན་ཚུ་གིས་ ཉམས་བཅོས་འབད་བར་ འབག་སོང་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ ལོག་ལྷོད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཌམ་བར་གྱིས་བཤད་མིའི་ནང་ གློག་ཐག་ར་བ་ཚུ་ སྤྱི་ལོ་༢༠༡༡ དེ་ཅིག་ནང་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ ད་རེས་ཁམས་ཅིག་ཁར་ ཉི་དྲོད་འཕྲུལ་ཆས་༣ ཡོད་ས་ལས་༢ མེདཔ་ཤོར་ཡོདཔ་ཨིན་རུང་ གཞན་མི་ཅིག་ གླངམོ་ཆེ་གིས་ མེདཔ་བཏང་ནུག་ཟེར་ཨིན་པས།
གློག་ཐག་གི་ར་བ་ཚུ་ གཞི་བཙུགས་འབད་བའི་བསྒང་ ཁོ་ར་ ཚོགས་པ་སྦེ་སྡོད་ཡོདཔ་ད་ གློག་ཐག་གི་རིང་ཚད་དེ་ ཀི་ལོ་མི་ཊར་༣ དེ་ཅིག་ཡོདཔ་ཨིན་པས།
གློག་ཐག་ར་བའི་ མཐོ་ཚད་ཚུ་ དུམ་གྲ་ཅིག་ དམའ་སུ་སྦེ་ཡོད་ནི་དེ་གིས་ སྤྱ་ཚུ་ བཀག་མི་ཚུགས་པས་ཟེར་ཨིན་པས།
བསམ་རྩེ་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ གློག་ཐག་ཀཝ་ཚུ་ཡང་ ལྕགས་བཙུགས་ཏེ་ཡོད་རུང་ ཕུན་ཚོགས་ཐང་ལུ་འབད་བ་ཅིན་ ཤིང་གི་ཀཝ་ཚུ་བརྡབས་ཐོག་ལས་ གློག་ཐག་སྤྲིངས་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ ཁ་རྒྱུན་ལས་བཤད་མིའི་ནང་ གླངམོ་ཆེ་ཚུ་ ཞིང་ནང་འཛུལ་འོང་བའི་སྐབས་ ཁོང་ལུ་ གནོདཔ་བཀལ་ནི་མིན་པར་ བསངས་བཏང་ཐོག་ལས་ ང་བཅས་ཡང་ ལོ་ཐོག་དེ་ར་ བཟའ་དགོ་ནི་ཨིནམ་ལས་ ག་ར་མ་བཟའ་བར་བཞག་གནང་ཟེར་བའི་ སྨོན་ལམ་བཏབ་དགོ་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ཁོང་ལུ་ རྡོ་རྐྱབ་ སྐད་རྐྱབ་སྟེ་འབད་བ་ཅིན་ ཐ་ན་ མི་སྡོད་སའི་ཁྱིམ་དང་ མི་ཚུ་ལུ་ཡང་ གནོདཔ་བཀལཝ་ཨིན་ཟེར་ཨིན་པས།
རྒེད་འོག་གི་གཡུས་ཚན་ ཀ་ཏི་ཀེ་ལས་ སྐྱེས་ལོ་༧༣ ལང་མི་ ཆ་བི་མ་ཡ་ ཨ་ཅར་ཇཱ་གིས་འབད་བ་ཅིན་ གླངམོ་ཆེ་གིས་ མོ་གི་ཁྱིམ་དེ་ སྦ་སྒོར་ཅིག་སྦེ་ སྡོད་པའི་སྐབས་ ཚར་༢ དེ་ཅིག་ར་ བརྡལ་བཏང་ཡོདཔ་མ་ཚད་ ད་རེས་ནངས་པ་ཡང་ འཕྲལ་འཕྲལ་སྦེ་ར་ འོངམ་མས་ཟེར་ཨིན་པས།
ཁྱིམ་གུང་༢ ལས་མེད་མི་ ཀ་ཞང་ཀེ་གཡུས་ཚན་ནང་ གློག་མེ་མེདཔ་ཨིན་རུང་ ད་རེས་ གཞུང་གིས་ ཉི་དྲོད་གློག་ཤུགས་ཚུ་ བཙུགས་བྱིན་ཡོདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ གླངམོ་ཆེ་གཞོནམ་ཚུ་འབད་བ་ཅིན་ གཡུས་ཚན་ནང་ མི་འོང་དོ་ཡོདཔ་ཨིན་རུང་ རྒན་རྒས་དང་ ཕྱུག་གུ་ཡོད་མི་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ འོངམ་མས་ཟེར་ཨིནམ་མ་ཚད་ བདུན་ཕྲག་གཅིག་དེ་ཅིག་གི་ཧེ་མ་ཡང་ སྨན་གྲུབ་གླིང་གི་ ཞིང་པ་ཅིག་གི་གེ་ཟ་ཚུ་ལུ་གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
གཡུས་མི་ཅིག་གིས་ འབད་བ་ཅིན་ ཀ་ཏི་ཀེ་གཡུས་ཚན་གྱི་མི་ཚུ་ གླངམོ་ཆེ་ཚུ་དང་གཅིག་ཁར་ ནོར་སེམས་ཅན་ཚུ་བཟུམ་སྦེ་ར་ སྡོདཔ་ཨིན་ཟེར་ཨིན་པས།
བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ ནགས་ཚལ་འགོ་དཔོན་ ཊེག་བྷ་དུར་གུ་རུང་གིས་ འབད་བ་ཅིན་ གཡུས་ཚན་དེ་ནང་གི་ གློག་ཤུགས་ར་བ་ཚུ་ ཤིང་གི་ཀཝ་བརྡབས་ཐོག་ལས་ བཟོ་བཀོད་འབད་དེ་ཡོདཔ་ལས་ གླངམོ་ཆེ་ཚུ་གིས་ ཤིང་གི་ཀཝ་ཚུ་གུ་ རྐངམ་བཏབ་ཐོག་ལས་ བཅགས་བཏང་སྟེ་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་དོ་ཡོདཔ་ཨིན་རུང་ ཧེ་མ་དང་ཕྱདཔ་ད་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ བྱུང་སྟེ་ཡོད་ཟེར་ཨིན་པས།
གློག་ཤུགས་ར་བའི་ ཉི་དྲོད་འཕྲུལ་ཆས་ལ་ལུ་ཅིག་ མེདཔ་ཤོར་ཡོདཔ་ཨིན་རུང་ འཕྲུལ་ཆས་ཅིག་ གླངམོ་ཆེ་གིས་ མེདཔ་བཏང་ཐོག་ལས་ གཡུས་ཚན་ནང་གི་ ཁྱིམ་ཅིག་ཡང་ བརྡལ་བཏང་ཡི་ཟེར་ཨིན་པས།
ཨིན་རུང་ འཕྲལ་མགྱོགས་ར་ ད་རེས་མེདཔ་ཤོར་མིའི་འཕྲུལ་ཆས་ཚུ་ ཉམས་བཅོས་འབད་ནི་ལུ་ རྩ་འགེངས་དོ་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment